བོད་ཡིག

DSCN1569

 

༧མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་ཁོང་ནི་ཤར་གྱི་ཨ་མྱེ་རྨ་ཆེན་སྦོམ་རིའི་ཉེ་འདབས་རྨ་ཀློང་དལ་བབ་རིང་མོར་མགོ་ལོག་འབུམ་པ་ཁག་གསུམ་གྱི་ཡ་གྱལ་ཨ་སྐྱོང་འབུམ་གྱི་ནང་ཚན་འབྲོག་སྡེ་ཆེན་པོ་རོང་སྐོར་སྡེ་བར་སྤྱི་ལོ་1978ལོར་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་གང་ཟག་ཕལ་བ་ལས་ཁྱད་པར་ཏུ་འཕགས་པའི་མཚན་ལྟས་དང་བཅས་ཐོག་མར་སྐུ་འཁྲུངས། ཁོང་དགོང་ལོ་དགུ་1987ལོར་པེ་ཡུའུ་དར་ཐང་དགོན་པའི་མཆོག་སྤྲུལ་ཀུན་བཟང་རྣམ་རྒྱལ་དང་ངང་བ་སྤྲུལ་སྐུ་པདྨ་ཐེག་མཆོག་རྡོ་རྗེ་རྣམས་གཉིས་ཀྱིས་གཙོའི་ཆོས་རོང་སྡེ་བ་ཆ་ཚང་དགྱེས་འཛོམས་ཐོག་ཆ་དུང་རི་དགོན་བཀྲ་ཤིས་ཡར་འཕེལ་གླིང་ཐོག་མར་ཕྱག་འདེབས་མཛད་པ་དང་། སྐབས་དེར་སྔགས་འཆང་རིག་འཛིན་རྒྱལ་མཚན་ཡོང་འཛིན་ལ་བསྟེན་ནས་དབྱངས་གསལ་སྦྱོར་ཀློག་སོགས་རྒྱུན་འདོན་གྱི་རིགས་ཚག་མེད་དུ་མཁྱེན། དེའི་ལོ་མཇུག་དགེ་བའི་བཤེས་གཉེན་ཆེན་པོ་བདེ་ལེགས་རབ་རྒྱས་ཀྱི་མདུན་ནས་སྙིང་ཐིག་སྔོན་འགྲོའི་ཁྲིད་དང་འབུམ་ལྔ་བསགས་སྦྱངས་སོགས་མཛད། དགོང་ལོ་བཅུ་གཉིས་ཀྱི་ཐོག་བླ་མ་སྐལ་ལྡན་རྒྱ་མཚོའི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བླངས་ཏེ་དུས་འཁོར་དབང་ཆེན་སོགས་གསུང་ཆོས་མང་དུ་ཐོབ། དགོང་ལོ་བཅུ་གསུམ་གྱི་ཐོག་ལུང་སྐྱ་དགོན་དཔལ་ངེས་དོན་མི་འགྱུར་བདེ་ཆེན་གླིང་དུ་ཆོས་ཞུགས་བྱས་ཏེ་རྡོ་རྗེ་སློབ་དཔོན་ཆེན་པོ་༧ངག་དབང་པདྨ་རྣམ་རྒྱལ་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་དུ་བསྟེན་ནས་དཔལ་དུས་ཀྱི་འཁོར་ལོའི་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་ལོ་དྲུག་གི་རིང་ལ་ཉམས་ལེན་བྱས་ཤིང་རྫོགས་ཆེན་སྣང་སྦྱངས་སོགས་དབང་ལུང་ཁྲིད་གསུམ་མང་དུ་ཐོབ། གཞན་ཡང་ཨ་སྐྱོང་རྟོགས་ལྡན་རིན་པོ་ཆེ་དང་ཁང་གསར་སྤྲུལ་སྐུ་བརྟན་པོ་རྣམས་གཉིས་ཀྱི་གཙོའི་རིས་མེད་ཀྱི་དགེ་བའི་བཤེས་གཉེན་མང་དུ་བསྟེན་ནས་རྫོགས་ཆེན་ཆོས་སྐོར་དང་རྙིང་ཕྱོགས་ཀྱི་དབང་ལུང་ཁྲིད་གསུམ་མང་དུ་ཐོབ། ངེས་པ་དོན་གྱི་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་མགར་མཁན་ཆེན་༧བློ་བཟང་ཚུལ་ཁྲིམས་ཀྱི་སྐུ་མདུན་ནས་ཀློང་ཆེན་མཛོད་བདུན་ཁྲིད་ལུང་དང་རྫོགས་ཆེན་ཚིག་གསུམ་གནད་བརྡེགས་སེམས་ངོ་མཛུབ་བཙུགས་སོགས་རྫོགས་ཆེན་ཆོས་སྐོར་མང་དུ་ཐོབ། གཞན་ཡང་བཀའ་དྲིན་བླ་ལྷག་དུ་ཆེ་བའི་མགར་མཁན་ཆེན་དམ་པ་༧ཐུབ་བསྟན་ལུང་རྟོགས་ཡོན་ཏན་ཉི་མའི་མདུན་ནས་རྫོགས་ཆེན་རིག་པ་གཅེར་མཐོང་དང་ཐོས་གྲོལ་བསྒྲུབ་དབང་དང་བསྐྱེད་རྫོགས་སོགས་བཀའ་ཆོས་མང་དུ་ཐོབ། དགོང་ལོ་ཉེར་བརྒྱད་ཐོག་རྒྱ་གར་ལ་གནས་མཇལ་དུ་ཕེབས་ནས་ད་ལྟ་བར་དུ་སེ་ར་ཐེག་ཆེན་གླིང་དང་ཐེག་མཆོག་རྣམ་གྲོལ་གླིང་གི་བཤད་གྲྭ་མདོ་སྔགས་རིགས་པའི་འབྱུང་གནས་གླིང་སོགས་ནས་ཐུན་མོང་གི་རིགས་གནས་ཁག་དང་དབུ་ཚད་སོགས་ལ་སྦྱངས་བ་མི་དམན་པ་བྱས་མཐར་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་མཛད་འཕྲིན་སྐྱོང་བཞིན་ཡོད། ཁྱད་པར་དུ་ཉིས་སྟོང་བཅུ་བཞི་ལོའི་ལོ་མཇུག་ཏུ་དཔལ་ཡུལ་ཆ་དུང་རི་དགོན་བཀྲ་ཤིས་ཡར་འཕེལ་གླིང་གི་དོ་དམ་ཨུ་ཡོན་ལྷན་ཁང་མཉམ་འཛོམས་ཐོག་དམ་པ་འདི་ཉིད་མ་འོང་པའི་བསྟན་པའི་བདག་པོ་དགོས་ཞེས་ནན་ཞུ་བྱས་ཤིང་དགོན་འདིར་བཤད་གྲྭ་བཞེངས་བས་འོས་འགན་ཡང་རྗེ་འདི་ཉིད་ལ་བབ་ཡོད། ལྷག་པར་དུ་མཁན་ཆེན་བླ་མ་༧ཐུབ་བསྟན་ལུང་རྟོགས་ཡོན་ཏན་ཉི་མ་རིན་པོ་ཆེ་མཆོག་ནས་རྟགས་དང་རྟེན་འབྲེལ་གྱི་སྒོ་ཁྱད་པར་ཅན་ལ་དམིགས་ནས་༧ལྷ་སྤྲུལ་ཨོ་རྒྱན་གར་དབང་ཉི་མའི་ཕྱག་ནས་བརྒྱུད་འོང་བའི་བྱིན་རླབས་ཀྱི་ཚན་ཁ་དང་ལྡན་པའི་དབུ་ཞྭ་དང་ཟ་འོག་བེར་ཆེན་ཕྱག་ཐམ་དང་བཅས་པ་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་གནང་ཡོད།